学校首页本站首页系部概况党建工作科研成果教学资源学生工作规章制度成人教育活动公告关于我们在线留言实验室安全
※ 当前位置: 本站首页>>科研成果>>科研项目>>正文
རྒྱལ་ཁབ་རིམ་པའི་ཞིབ་འཇུག་ལས་གཞིའི་རྩོམ་བྱང་གཏན་འབེབས་ཀྱི་སྙན་ཞུ།
2016-11-09 13:45 རྟ་མགྲིན་སྐྱབས། བོད་ཡིག་སྡེ་ཁག

རྒྱལ་ཁབ་རིམ་པའི་ཞིབ་འཇུག་ལས་གཞི《ཨམ་སྐད་དང་ཁམས་སྐད་ཀྱི་སྒྲ་གདངས་གཤིབ་བསྡུར》ཞེས་པའི་རྩོམ་བྱང་གཏན་འབེབས་ཀྱི་སྙན་ཞུ།

ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་བོད་ཡིག་སྡེ་ཁག་གི་མགོ་གཙོ་གོང་བ་ཀླུ་འབུམ་རྒྱལ་གྱིས་ལས་འགན་གཙོར་བཞེས་ཀྱི་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་ལས་གཞི་《ཨམ་སྐད་དང་ཁམས་སྐད་ཀྱི་སྒྲ་གདངས་གཤིབ་བསྡུར》ཞེས་པའི་རྩོམ་བྱང་གཏན་འབེབས་ཀྱི་སྙན་ཞུའི་ཚོགས་འདུ་དེ་2016ལོའི་ཟླ་11པའི་ཚེས་1ཉིན་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་ནས་བདེ་ལེགས་ངང་བསྡུས། 

སྙན་ཞུའི་ཚོགས་འདུར་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གཙོར་བྱས་པའི་སློབ་གྲྭ་ཆེན་མོ་ཁག་གི་ཆེད་མཁས་དང་། མདོ་སྨད་ཕྱོགས་ཀྱི་སློབ་གསོའི་ལས་དོན་གྱི་ཆེད་མཁས་དང་དགེ་རྒན། ཞིབ་འཇུག་སློབ་མ་སོགས་ཚོགས་ཞུགས་མི་སྣ་བཞི་བཅུ་ཙམ་གདན་ཞུ་བྱས་ཡོད་ཅིང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་རྡོར་ཕྲུག་གིས་ཚོགས་འདུར་མགོ་འཛིན་མཛད། 

ཚོགས་ཐོག་ཏུ་ཐོག་མར་ལས་གཞིའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གོང་བ་ཀླུ་འབུམ་རྒྱལ་གྱིས་ཞིབ་འཇུག་གི་ལས་གཞི་འདི་ལྟ་བུ་བསྒྲུབ་དགོས་པའི་དགོས་པ་དང་། ལས་གཞི་འདི་སྒྲུབ་པའི་རྨང་གཞིའི་གནས་ཚུལ། ཞིབ་འཇུག་གི་དངོས་གཞིའི་ནང་དོན་དང་དུས་ཚོད་བཀོད་སྒྲིག མཐར་ཐུག་གི་འབྲས་བུའི་མངོན་ཚུལ་སོགས་སྙན་ཞུ་བྱས། གོང་བ་ཀླུ་འབུམ་རྒྱལ་གྱིས་ད་སྔ་ལས་གཞི་འདིའི་ཞིབ་འཇུག་ཚོགས་པས་རྒྱུ་ཆ་འཚོལ་སྡུད་ཀྱི་ལས་ཀ་ཕལ་ཆེར་འགྲུབ་ཡོད་ལ། བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་ཕན་ཚུན་གཤིབ་བསྡུར་གྱི་འབྲེལ་ཡོད་བསླབ་དེབ་དང་མཉེན་ཆས་ཀྱང་གསར་བཟོ་བྱས་ཡོད་པར་གསུངས་པ་དང་། མཉེན་ཆས་དང་སློབ་དེབ་སོགས་ཚོགས་ཞུགས་པའི་སྤྱན་སྔར་འགྲེམ་སྟོན་དང་བཀོལ་སྤྱོད་བྱས། 

དེ་ནས་ཚོགས་ཞུགས་ཀྱི་ཆེད་མཁས་དང་། དགེ་རྒན། སློབ་མ་རྣམ་པས་ལས་གཞི་འདིའི་ཐད་ལ་རིན་ཐང་བྲལ་བའི་བསམ་འཆར་དང་རེ་འདུན་གང་མང་བཏོན་པ་དང་། ལས་གཞི་འདིར་བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཇི་བཞིན་དུ་མངོན་པར་བྱེད་པའི་ནུས་པ་མི་དམན་པ་ཡོད་པ་དང་། ཡུལ་སྐད་ཉར་ཚགས་དང་སློབ་སྦྱོང་གི་ལག་ཆ་ཕུན་སུམ་ཚོགས་པ་ཞིག་ཡིན་པ་མ་ཟད། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་ཁྲིད་ལ་ཕན་པ་ངེས་ཅན་ཡོད་པ་སོགས་ལས་གཞི་འདིའི་དོན་སྙིང་དང་རིན་ཐང་ཁག་ཐེག་བྱས་ཤིང་། ལས་གཞི་འདི་འཆར་གཞི་ལྟར་ལེགས་འགྲུབ་བྱུང་ནས་བོད་ཀྱི་རིག་གནས་ཡར་རྒྱས་དང་། སྒོས་སུ་བོད་པའི་ཚད་ལྡན་སྐད་ཆགས་པའི་རྒྱུ་རུ་འགྱུར་བའི་སྨོན་འདུན་ཡང་ཡང་ཞུས། 

关闭窗口
图片新闻
我校举办2020年“岗尖杯”足球...
2020年甘肃民族师范学院第三届...
藏语系召开中国少数民族语言文...
藏语系举办“防范电信诈骗知识...
藏语系2020级新生入学教育拉开...
藏语系迎新工作圆满完成
我校隆重举行与西藏大学联合培...
 

系统纵览 OA办公
藏文字体 藏文信息
设为首页  |  加入收藏

版权所有:甘肃民族师范学院藏语系